10. ཇི་ལྟར་བྱས་ཏེོ་ལག་ཐོག་ཁ་པར་བེད་སྤྱོད་ཡག་པོ་གཏོང་དགོས་སམ།

Table of Contents

...Loading Table of Contents...

    ང་ཚོའི་ཉིན་རེའི་བྱ་གཞག་ནང་ལག་ཐོག་ཁ་པར་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ལག་ཐོག་ཁ་པར་ཚང་མར་སྐད་ཆ་བཤད་ཡག་དང་འཕྲིན་ཐུང་གཏོང་ཡག་སོགས་ཡོད་དུས་རིན་ཐང་བྲལ་བའི་སྟབས་བདེའི་ཡོ་ཆས་འདི་ལྟ་བུ་རང་དབང་འཐབ་རྩོད་པ་ཚོས་གླེང་མོལ་དང་ལས་འགུལ་སྤེལ་ཆེད་བེད་སྤྱོད་གཏོང་གི་ཡོད།

    འཛམ་གླིང་ནང་ཚན་རིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་སྟབས་བསྟུན་བྱེད་སྒོ་མང་བའི་ལག་ཐོག་ཁ་པར་ཡང་མང་པོ་ཐོན་སྐྱེད་བྱེད་ཀྱི་ཡོད། དེ་ཚོ་མང་ཆེ་བའི་ནང་GPSལ་སོགས་དང་བརྒྱུད་ལམ་དུ་མའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པའི་བྱ་ཐབས་དེ་འདྲ་མང་པོ་ཐོན་བཞིན་ཡོད། དེ་ཡང་པར་དང་བརྙན་འཕྲིན་དེ་བཞིན་སྒྲ་སྐུལ་བརྙན་པར་སོགས་སྒྲ་འཇུག་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་ཡིག་ཆ་འཕོ་ལེན་དང་སྦྲགས་དྲ་ཐོག་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་། ལག་ཐོག་ཁ་པར་ནང་གི་དྲ་ལམ་དང་དེའི་མཐུན་རྐྱེན་ནི་གློག་ཀླད་ཀྱི་དྲ་ལམ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་དེ་བཀོལ་སྤྱོད་གཏོང་མཁན་དེའི་གསང་བ་དང་ཁོང་ཚོའི་གོང་བུ་གཅིག་སྒྲིལ་གྱི་འབྲེལ་ལམ་དང་གནས་ཚུལ་ལ་དོ་ཕོག་ཤུགས་ཆེ་འགྲོ་གི་ཡོད།

    དེ་ཡང་། ཁྱེད་ཀྱིས་ལག་ཐོག་ཁ་པར་ནི་ལྷན་སྐྱེས་ཀྱི་བཙན་པོ་མེད་པ་ཞིག་ཡིན་པ་ངོ་ཤེས་པའི་ཐོག་བཀོལ་སྤྱོད་གཏོང་རྒྱུ་མ་བརྗེད་པ་བྱེད་དགོས། དེར་བརྟེན།

    • ལག་ཐོག་ཁ་པར་བརྒྱུད་བསྐུར་བའི་གནས་ཚུལ་ཁག་ཉེན་ཁ་ཅན་ཞིག་ཡིན་པ་ཤེས་དགོས།
    • ལག་ཐོག་ཁ་པར་ནང་གསོག་འཇོག་བྱས་ཡོད་པའི་གནས་ཚུལ་ཁག་ཉེན་ཁ་ཅན་ཞིག་ཡིན་པ་ཤེས་དགོས།
    • ལག་ཐོག་ཁ་པར་ནི་ཆེད་མངག་ཁོང་ཚོའི་ས་བབས་ཀྱི་གནས་ཚུལ་ཁག་མཁོ་སྤྲོད་བྱེད་ཡག་ལ་བཟོ་བཀོད་བྱས་པ་ཞིག་ཡིན་པ་ཤེས་དགོས།

    ང་ཚོས་གོང་འཁོད་གནད་དོན་ཁག་ལ་ལག་ཐོག་ཁ་པར་བཀོལ་སྤྱོད་གཏོང་མཁན་ཚོས་ཇི་ལྟར་གདོང་ལེན་བྱེད་དགོས་མིན་སྐོར་གླེང་སློང་བྱས་ཡོད་པས་དེ་དོན་དགོངས་འཇགས་ཡོད་པ་མཁྱེན།

    རྒྱབ་ལྗོངས་ཀྱི་གནས་ཚུལ།

    བྷོར་ན་དང་དྷེ་ལར་གཉིས་ནི་བཟོ་གྲཱ་ཞིག་ནང་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད་བཟོ་གྲཱ་དེའི་ནང་ལས་རྩོལ་པའི་སྐྱིད་སྡུག་ཞིག་གསར་སྐྲུན་བྱེད་ཆེད་རོགས་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། ཁོང་གཉིས་ཀྱི་ལས་འགུལ་དེ་གཞུང་དང་འབྲེལ་ལམ་ཡག་པོ་ཡོད་པའི་བཟོ་གྲཱའི་བདག་པོས་ཤེས་ཏེ་བཀག་སྡོམ་བྱེད་ཀྱི་ཡོད་པར་བརྟེན་བྷོར་ནའི་སློབ་སྟོན་པས་ཁོང་མི་གཞན་དང་སྐད་ཆ་བཤད་དུས་གཟབ་གཟབ་བྱེད་དགོས་པའི་རྟིང་སྐུལ་གནང་ཡོད། དེར་བརྟེན་བྷོར་ནས་ལས་རྩོལ་པའི་སྐྱིད་སྡུག་དེའི་ཆེད་ལག་ཐོག་ཁ་པར་ཞིག་ཉོས་པ་རེད། ཁོང་རང་གིས་ལས་འགུལ་དེ་གོ་སྒྲིག་བྱེད་དགོས་དུས་ཁོང་རང་གི་བུ་དྷེ་ལར་གྱིས་ལག་ཐོག་ཁ་པར་གསར་པ་པ་ཕར་སྤྲད་དེ་ཇི་ལྟར་དེ་བེད་སྤྱོད་ཡག་པོ་གཏོང་དགོས་མིན་སྐོར་ལ་ལམ་སྟོན་བྱས་པ་རེད།

    ཁྱེད་རང་གིས་སློབ་ཚན་འདི་བརྒྱུད་གང་ཤེས་ཐུབ་བམ།

    • ག་རེ་བྱས་ནས་ལག་ཐོག་ཁ་པར་ནང་གནས་ཚུལ་མཁོ་གཏོང་དང་གསོག་འཇོག་བྱས་ན་ཉེན་ཁ་ཡོད་དམ།
    • བེད་སྤྱོད་གཏོང་བཞིན་པའི་ལག་ཐོག་ཁ་པར་དེ་ཐབས་ལམ་གང་ལ་བརྟེན་ཉེན་སྲུང་བྱེད་དགོས་སམ།
    • ཇི་ལྟར་ཁྱེད་ཀྱི་ལག་ཐོག་ཁ་པར་དེ་དགྲ་བོའི་ལྟ་སྲུང་དང་ཉེན་ཁ་ཇེ་ཉུང་དུ་གཏོང་དགོས་སམ།
    • ལག་ཐོག་ཁ་པར་བེད་སྤྱོད་གཏོང་སྐབས་རང་ཉིད་མིས་ངོ་མ་ཤེས་པའི་ཆེད་འགོག་སྲུང་ཇི་ལྟར་བྱེད་དགོས་སམ།

    ལག་ཐོག་ཁ་པར་དང་ཉེན་སྲུང་།

    ང་ཚོས་སོ་སོའི་བདེ་འཇགས་ཆེད་ལག་ཐོག་ཁ་པར་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་ཤེས་དགོས་དེ་ཡང་སོ་སོས་འབྲེལ་གཏུགས་བྱེད་སའི་མིའམ་ཡིག་ཆ་ཁག་བཀོལ་སྤྱོད་ཡག་པོ་གཏོང་ཐུབ་པ་བྱེད་དགོས། དེ་ཚོ་དོ་དམ་ཡག་པོ་བྱེད་མ་ཐུབ་པ་ཡིན་ན་ཁྱེད་རང་གི་གནས་ཚུལ་དང་འབྲེལ་མོལ་ཁག་ལ་ཉེན་ཁ་དང་དོ་ཕོག་ཡོང་སྲིད་པ་ཞིག་ཡིན་པས་དོ་སྣང་ཡག་པོ་སྤྲད་དེ་བཀོལ་སྤྱོད་བྱེད་དགོས།

    • ལག་ཐོག་ཁ་པར་ནི་སྒེར་གྱིས་ཚོང་དོན་ཆེད་དམིགས་ནས་བཟོས་པ་ཞིག་ཡིན་དུས་གཞུང་གི་དོ་དམ་འོག་ཡོད། སྒེར་དང་གཞུང་གི་སྟངས་འཛིན་གང་འདྲ་ཞིག་འོག་ལ་ཡོད་ནའང་དེ་བེད་སྤྱོད་གཏོང་མཁན་གྱི་གནས་ཚུལ་དང་འབྲེལ་ལམ་ཁག་དེ་ཙམ་དེས་དོན་ཐོག་ཤེས་རྟོགས་ཐུབ་ཀྱི་མེད་ལ་སྐད་ཆ་དང་འཕྲིན་ཐུང་དེ་བཞིན་ཡོ་ཆས་དང་བཀོལ་སྤྱོད་བྱེད་མཁན་གྱི་གནས་བབ་སོགས་ཁོང་ཚོས་དོ་དམ་བྱེད་ཐུབ་ཀྱི་མེད།

    • ལག་ཐོག་ཁ་པར་གྱི་བཀོལ་སྤྱོད་མ་ལག་དེ་དག་གི་བཟོ་བལྟ་དང་ཁྱད་ཆོས་ནི་བེད་སྤྱོད་གཏོང་མཁན་ཚོའི་འདོད་པ་དང་བསྟུན་ནས་ཁེ་ལས་ཀྱིས་བཟོས་པ་ཞིག་ཡིན་དུས་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད། དེ་ཡང་ལག་ཐོག་ཁ་པར་དེ་དག་ལ་ཞབས་ཞུ་སྒྲུབ་མཁན་གང་འདྲ་ཞིག་ཡིན་རུང་ (OS) ནང་སྦེད་སྐུང་དོ་དམ་བྱེད་ནུས་པའི་ཁྱད་ཆོས་དེ་འདྲ་ནང་འཇུག་བྱས་ཡོད།

    • ལོ་ཁ་ཤས་ནང་ལག་ཐོག་ཁ་པར་བེད་སྤྱོད་གཏོང་མཁན་མང་དུ་ཕྱིན་ཡོད། དེང་དུས་ཀྱི་ལག་ཐོག་ཁ་པར་ཁག་ལ་དྲ་བ་ཡོད་པས་སྟབས་བདེའི་གློག་ཀླད་ཁག་ནང་དེ་བརྒྱུད་དྲ་བ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད།

    གནད་དོན་བྱེ་བྲག་པ་ཞིག་ཉེན་སྲུང་བྱེད་དགོས་ཀྱི་ཡོད་ན་དེའི་སྐོར་གནས་ཚུལ་ཁ་ཤས་ཤིག་ཁྱེད་ཀྱིས་ངེས་པར་ཤེས་དགོས། དེ་ཡང་། ཁྱེད་རང་གི་ཁ་པར་དང་འཕྲིན་ཐུང་གི་ནང་དོན་གང་ཡིན་ནམ། ཁྱེད་རང་ག་དུས་སུ་དང་འབྲེལ་བ་བྱས་པ་ཡིན་ནམ། ག་ནས་ཁ་པར་གཏོང་གི་ཡོད་དམ་ཞེས་པ་སོགས་ཀྱི་གནད་དོན་ལ་བསམ་གཞིགས་ངེས་པར་གནང་དགོས།

    • ཐབས་ལམ་འདྲ་མིན་བརྒྱུད་གནས་ཚུལ་ཁག་ལ་ཉེན་ཁ་འཕྲད་ཀྱི་ཡོད།<br> ལག་ཐོག་ཁ་པར་ནས་འབྱོར་བའི་གནས་ཚུལ་ཁག་ལ་ཉེན་ཁ་འཕྲད་ཀྱི་ཡོད། དེ་ཡང་ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོས་ང་ཚོས་བསྐུར་བའི་འཕྲིན་ཐུང་དང་ཁ་པར་ནང་གི་སྐད་ཆ་སོགས་ཁོང་ཚོའི་དྲ་རྒྱ་བརྒྱུད་ཤེས་རྟོགས་ཐུབ་ཀྱི་ཡོད་པས་ཉེན་ཁ་འཕྲད་ཀྱི་ཡོད། ཁྲིམས་ཐོག་ནས་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོར་ཁ་པར་ནང་གི་གནས་ཚུལ་ཁག་བདག་བཟུང་བྱེད་ཡག་ཆོག་མཆན་སྤྲད་ཡོད། ཡིན་ནའང་། རྒྱལ་ཁབ་ཁ་ཤས་ནང་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོར་གཞུང་ངོས་ནས་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད། རིན་གོང་ཆེན་པོ་དེ་ཙམ་སྤྲད་མེད་པའི་ལག་ཐོག་ཁ་པར་བེད་སྤྱོད་གཏོང་མཁན་ཚོའི་སྐད་ཆ་དང་འཕྲིན་ཐུང་ཁག་སྐབས་འཚོལ་རིང་ལུགས་པ་གསུམ་པ་ཞིག་གིས་འཇུ་བཟུང་བྱེད་ཀྱི་ཡོད་པར་བརྟེན་ཉེན་ཁ་ཆེན་པོ་ཡོད།

    • ལག་ཐོག་ཁ་པར་བརྒྱུད་གནས་ཚུལ་བསྐུར་མཁན་དང་འབྱོར་མཁན་གཉིས་བར་ཉེན་ཁ་ཅན་གྱི་གནས་ཚུལ་དེ་འདྲ་ལྷགས་ཀྱི་ཡོད།<br> 
དེ་ཡང་དཔེར་ན་དེའི་ནང་གསོག་འཇོག་བྱས་ཡོད་པའི་གནས་ཚུལ་ཏེ་ཁ་པར་ག་དུས་འབྱོར་ཡོད་མེད་དང་བཏང་ཡོད་མེད། འཕྲིན་ཐུང་འབྱོར་བ་དང་བཏང་བ་རིགས། འབྲེལ་བ་བྱེད་སའི་ཁ་བྱང་། དེ་བཞིན་པར་དང་བརྙན་པར་ཡིག་སྣོད་སོགས་ལ་ཉེན་ཁ་འཕྲད་ཀྱི་ཡོད། ཡིག་ཆ་འདི་དག་གིས་ཁྱེད་རང་གི་འབྲེལ་གཏུགས་བྱེད་ས་དང་སོ་སོའི་གྲོགས་པོ་དེ་བཞིན་སོ་སོ་སོགས་ཀྱི་སྐོར་གསལ་སྟོན་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་ཀྱིས་ཁ་པར་ཁ་ཤས་ཤིག་བཀོལ་སྤྱོད་བྱས་ཀྱང་གནས་ཚུལ་འདི་ཚོ་ཉེན་སྲུང་བྱེད་ཐུབ་ཡག་དཀའ་ལས་ཁག་པོ་ཆགས་ཡོད། དེང་དུས་ཀྱི་ལག་ཐོག་ཁ་པར་ནི་སྦ་ཁུག་དང་དོ་མཉམ་པའི་གློག་ཀླད་ཞིག་ཡིན། དེར་ཁྱད་ཆོས་ག་ཚོད་ཀྱི་མང་བ་ཡོད་པ་ཙམ་གྱིས་དེ་སྲིད་དུ་ཉེན་ནའང་ཆེ་བ་ཡོད། དེ་དང་ཕྱོགས་མཚུངས་དྲ་བར་མཐུད་ཐུབ་པའི་ལག་ཐོག་ཁ་པར་དེ་གློག་ཀླད་དང་དྲ་བ་ཁག་ལ་བཀོལ་སྤྱོད་བྱས་ན་འགོག་རྐྱེན་བཟོ་མཁན་གྱི་ཡོ་ཆས་ཤིག་ཆགས་ཀྱི་རེད།

    • ལག་ཐོག་ཁ་པར་གྱིས་སོ་སོ་ག་པར་ཡོད་མེད་རྩིས་སྤྲོད་ཀྱི་ཡོད།<br> 
དེ་ཡང་། དཔེར་ན། དུས་རྒྱུན་ནང་བཞིན་ལག་ཐོག་ཁ་པར་གྱིས་རང་འགུལ་ངང་ཁ་པར་མཁོ་སྤྲོད་བྱེད་མཁན་དེར་དེ་དུས་རང་ཉིད་ག་པར་ཡོད་མེད་ཀྱི་གནས་ཚུལ་ཁག་བརྡ་ལན་སྤྲོད་ཀྱི་ཡོད། དེ་ཡང་དེང་སང་GPSལག་བསྟར་བྱེད་སྒོ་བརྒྱུད་དྲ་ཐོག་ནས་པར་དང་འཕྲིན་ཐུང་བཏང་སྟེ་གནས་ཚུལ་ལམ་མི་ག་པར་ཡོད་མེད་འཁྲུལ་མེད་ཕྱོགས་སྟོན་བྱེད་ཐུབ་ཀྱི་ཡོད།

    བཟོ་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་འགྲོ་བ་དང་སྟབས་བསྟུན་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་མང་པོ་བཟོ་སྐྲུན་བྱས་ཡོད། ཡིན་ནའང། དེ་ཚོ་བཀོལ་སྤྱོད་བྱེད་དུས་ཉེན་ཁ་མང་བ་ཡོད།

    ལྦོར་ཎ། བུ། ངས་དེ་རིང་ནས་བཟུང་ལག་ཐོག་ཁ་པར་འདི་ཚོགས་འདུ་ཚོགས་ཡག་ལ་བེད་སྤྱོད་གཏོང་གི་ཡིན། ཡིན་ནའང་། ངའི་བསམ་པ་ལ་ཁོང་ཚོས་བཟོ་གྲཱ་དང་སོ་སོའི་ཁང་པའི་ནང་ཡོད་པའི་ཁ་པར་དེ་སྐད་ཆ་ཉན་ཡག་ལ་བེད་སྤྱོད་བྱེད་ཀྱི་རེད་བསམ་གྱི་འདུག

    དྷེ་ལར། པ་ལགས། མཐའ་མ་དེར་ཁྱེད་རང་ལ་ལག་ཐོག་ཁ་པར་རག་པ་དེ་ངར་དགའ་སྤྲོ་ཆེན་པོ་བྱུང་། ཡིན་ནའང་། ཁྱེད་རང་གིས་ལག་ཐོག་ཁ་པར་འདིས་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་ཤེས་ཀྱི་ཡོད་དམ།བུ་ཡིན་དང་ཡིན།

    འདི་ཁ་པར་རེད། འདིས་ངས་མི་གཞན་ལ་སྐད་ཆ་བཤད་ཐུབ་ཀྱི་ཡོད་ལ་མི་གཞན་གྱིས་ཀྱང་ང་ལ་ལན་རྒྱག་ཐུབ་ཀྱི་ཡོད། ང་ག་པར་ཡོད་ཀྱང་འདི་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་ལ་མི་གཞན་ལ་འཕྲིན་ཐུང་ཡང་གཏོང་ཐུབ་ཀྱི་ཡོད། མི་གཞན་གྱིས་ཀྱང་དེ་དེ་བཞིན་དུ་དེ་བཀོལ་སྤྱོད་ཀྱིས་ང་རང་ལ་ལན་འདེབས་རྒྱག་གི་ཡོད།

    དྷེ་ལར། འདི་དངོས་གནས་རེད། ཡིན་ནའང་། འདི་ཚོ་ཚང་མ་དངོས་གནས་མ་རེད། དེང་སང་ལག་ཐོག་ཁ་པར་བརྒྱུད་ལས་ཀ་མང་པོ་ཞིག་བྱེད་ཡག་ཡོད། དེར་བརྟེན་ཉེན་ཁ་དང་གདོང་ལེན་བྱེད་ཡག་ལ་གནད་དོན་ཁ་ཤས་ཤིག་ཡོད་པས་ཁྱེད་ཀྱིས་ངེས་པར་བསམ་གཞིགས་བྱས་ཏེ་བཀོལ་སྤྱོད་བྱེད་དགོས།

    ལག་ཐོག་ཁ་པར་གྱི་བདེ་འཇགས་ལ་བསམ་བློ་གཏོང་དགོས་དུས་ཁྱེད་ཀྱིས་གཤམ་གྱི་བྱ་ཐབས་ཁག་ངེས་པར་ལག་ལེན་དོན་འཁྱོལ་བྱེད་ཐུབ་པ་དགོས།

    འགུལ་བསྐྱོད་བྱེད་ཡག་དང་གླགས་རྙེད་སླ་བའི་གནས་ཚུལ།

    མི་མང་པོས་ལག་ཐོག་ཁ་པར་ནང་གནད་འགག་ཆེ་བའི་གནས་ཚུལ་ཁྱེར་ཏེ་གང་སར་ཡང་སེ་འགྲོ་བསྐྱོད་བྱེད་ཀྱི་ཡོད། གལ་སྲིད་ལག་ཐོག་ཁ་པར་དང་ཡང་ན་དེའི་ནང་ཡོད་པའི་ཡིག་ཆ་ཁག་ཁྱེད་ཀྱིས་བརླག་དོར་ཤོར་བ་ཡིན་ན་དེའི་ནང་ཡོད་པའི་ཁྱེད་ཀྱི་གནས་ཚུལ་ཏེ་འཕྲིན་ཐུང་དང་སྐད་ཆ། འབྲེལ་གཏུགས་ཁ་བྱང་། ལོ་ཐོ།པར་རིགས་སོགས་བེད་སྤྱོད་ཅན་གྱི་གནས་ཚུལ་ཁག་ལ་ཉེན་ཁ་ཕྲད་ཀྱི་ཡོད། དེར་བརྟེན། ཁྱེད་རང་གི་ལག་ཐོག་ཁ་པར་ནང་གསོག་འཇོག་བྱས་ཡོད་པའི་མངོན་གསལ་དོད་པོ་དང་དོད་པོ་མེད་པའི་གནས་ཚུལ་ཁག་ལ་དོ་སྣང་ངེས་པར་སྤྲོད་དགོས། ལག་ཐོག་ཁ་པར་ནང་གསོག་འཇོག་བྱས་ཡོད་པའི་གནས་ཚུལ་ཁག་ལག་ཐོག་ཁ་པར་དེ་བེད་སྤྱོད་གཏོང་མཁན་གྱི་མི་དང་དེ་ཡོད་འབྲེལ་གཏུགས་མི་སྣས་འཕྲིན་ཐུང་དང་པར་རིས་སོགས་བེད་སྤྱོད་ལོག་པ་བཏང་སྟེ་དེའི་ནང་ཡོད་པའི་གནས་ཚུལ་ཁག་ལ་ཉེན་ཁ་བཟོ་གི་ཡོད།

    དྲ་བ་མཐུད་ཡོད་པའི་ལག་ཐོག་ཁ་པར་ཁག་ལ་དྲ་རྒྱ་དང་གློག་ཀླད་ཀྱི་ཉེན་ཁ་ཕྲད་སྲིད་པ་ཞིག་ཡིན། འདིའི་སྐོར་ལ་ཞིབ་ཕྲ་སློབ་ཚན་འདིའི་དུམ་མཚམས་གཞན་པའི་ནང་འགྲེལ་བརྗོད་ཞུས་ཡོད། དེ་ཡང་ཇི་ལྟར་ཁྱེད་ཀྱིས་མིང་མེད་དང་སླར་བརྙེད། ཆོམ་རྐུན།བརླག་དོར་དེ་བཞིན་བཀག་སྡོམ་སོགས་ལས་གནས་ཚུལ་དེ་ཚོ་ཉེན་སྲུང་བྱེད་དགོས་སམ་ཞེས་པའི་ལམ་སྟོན་ཁག་ལ་གཟིགས་ན་མཁྱེན་ངེས་ཡིན།

    བདེ་འཇགས་ཀྱི་ཉེན་ཁ་དེ་ཚོ་ཏོག་ཙམ་ཉུང་དུ་གཏོང་དགོས་ན་ཁྱེད་ཀྱིས་ལག་ཐོག་ཁ་པར་གྱི་ནུས་པ་དང་དེའི་སྒྲིག་ཤོམ་གྱི་གནས་བབ་ངེས་པར་ཤེས་དགོས། ཁྱེད་རང་གིས་དཀའ་ངལ་དེ་ཚོ་ཤེས་རྟོགས་ཐུབ་ཚར་རྗེས་དེར་སྔོན་འགོག་གི་ཐབས་ལམ་བཀོལ་སྤྱོད་བྱེད་དགོས།

    ལྦོར་ཎ། ལག་ཐོག་ཁ་པར་ལ་ཁེ་ཕན་ཞིག་ཡོད་པ་ནི་ཁྱེད་རང་ཁྲོམ་ལ་ཡོད་དུས་ཁ་པར་གྱི་ཚབ་ལ་ལག་ཐོག་ཁ་པར་བེད་སྤྱད་ནས་ཚོགས་འདུ་ཚོགས་པ་ཡིན་ན་མི་གཞན་གྱིས་ཤེས་ཀྱི་མ་རེད། གང་ཡིན་ཞེ་ན་ཁྲོམ་ལ་མི་ཚོགས་མང་པོ་ཡོད་པར་བརྟེན་ཁོང་ཚོས་ང་ཚོས་བཤད་པའི་སྐད་ཆ་གོ་གི་མ་རེད།

    དྷེ་ལར། ཁྱེད་རང་གིས་བྱས་ན་ཁོང་ཚོ་དང་ཁ་པར་བཟོ་མཁན་གྱི་ཁེ་ལས་འབྲེལ་བ་ཡོད་རེད་བསམ་གྱི་འདུག་གམ།

    ལྦོར་ཎ། མིས་བཤད་ཡག་བྱས་ན་ཁོང་ཚོས་ཁ་པར་བཟོ་མཁན་ཚོར་ལྐོག་ངན་སྤྲད་དེ་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་རེད་ཅེས་བརྗོད་ཀྱི་འདུག

    དྷེ་ལར། ཁྱེད་ཀྱིས་གལ་སྲིད་ལག་ཐོག་ཁ་པར་འདི་བཀོལ་སྤྱོད་བྱེད་ཡག་ལ་ཁྱེད་རང་གི་མིང་དང་ཁ་བྱང་སྤྲད་ཡོད་ན་ཐོ་འགོད་བྱས་པ་དེ་བརྒྱུད་མི་གཞན་ལ་ཁ་པར་གཏོང་ལེན་བྱེད་ཐུབ་ཀྱི་ཡོད་པས་དེ་ཁྱེད་ཀྱིས་ཐོ་འགོད་བྱས་ཡོད་དམ།

    ལྦོར་ཎ། བྱས་མེད། ང་ལ་ཁྱེད་རང་གི་ཨ་ཞང་ཚོང་ཁང་ནས་ཁ་པར་རྙིང་པ་ཞིག་རག་བྱུང་། ཁོང་གིས་འདི་བེད་སྤྱོད་བྱས་ན་འགྲིག་གི་རེད་གསུངས་བྱུང་། དེ་མ་ཟད་ང་ལ་ཁོང་གིས་ཁ་པར་ནང་བླུག་ཡག་གི་བྱང་བུ་ཞིག་ཉོ་རོགས་གནང་བྱུང་།

    དྷེ་ལར། ལགས་རེད། དེ་ལ་བྱང་བུ་ཟེར་གྱི་ཡོད། ཁ་པར་བཟོ་མཁན་ཁེ་ལས་ཚོས་ཁ་པར་དང་ཁ་པར་གྱི་ཨང་གྲངས། དེ་བཞིན་བྱང་བུ་དང་ཁ་པར་གྱི་ངོ་རྟགས་ཨང་གྲངས་རེ་རེ་འཚོལ་རྙེད་བྱེད་ཀྱི་ཡོད། དེར་བརྟེན། གལ་སྲིད་ཁོང་ཚོས་ཁྱེད་ཀྱི་ཁ་པར་ཨང་གྲངས་དང་དེའི་ངོ་རྟགས་ཨང་གྲངས་དེ་བཞིན་བྱང་བུའི་ཨང་གྲངས་སོགས་གང་རུང་ཞིག་ཤེས་པ་ཡིན་ན་ཁོང་ཚོས་སོ་སོའི་འབྲེལ་གཏུགས་བྱེད་མི་བརྒྱུད་ཁྱེད་ཀྱིས་ཇི་ལྟར་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དེ་ཤེས་ཀྱི་རེད།

    ལྦོར་ཎ། ངའི་ལག་ཐོག་ཁ་པར་ནས་ཁོང་ཚོས་སྐད་ཆ་ཉན་གྱི་ཡོད་རེད་བསམ་གྱི་འདུག དེ་མ་རེད་པས།

    དྷེ་ལར། ཁྱེད་རང་གི་གནད་དོན་ཐད་བསམ་བློ་བཏང་བ་ཡིན་ན་ཨ་ཞང་ལ་ཐུགས་རྗེ་ཞུ་དགོས་པ་ཆགས་ཀྱི་རེད། གང་ཡིན་ཞེ་ན་ཁྱེད་རང་གི་ཁ་པར་དང་བྱང་བུ་གཉིས་ཁྱེད་རང་གི་མིང་ཐོག་ཏུ་དེབ་སྐྱེལ་བྱས་མེད་དུས་རྙོག་འཛིང་དེ་འདྲ་ཡོང་གི་མེད། གལ་སྲིད་ཁོང་ཚོས་ཁྱེད་ཀྱི་ཁ་པར་དང་བྱང་བུའི་ཡོང་ཁུངས་ཤེས་རྟོགས་ཐུབ་ཀྱང་དཀའ་ངལ་གང་ཡང་ཕྲད་ཀྱི་མེད། གང་ཡིན་ཞེ་ན། ཁ་པར་དང་བྱང་བུ་གཉིས་ཀ་ཁྱེད་རང་གི་མིང་ཐོག་ཏུ་དེབ་སྐྱེལ་བྱས་མེད་དུས་ཁྱེད་རང་ལ་དཀའ་ངལ་གང་ཡང་ཕྲད་ཀྱི་མ་རེད།

    རྨང་གཞིའི་བྱེད་སྒོ་སྟེ་འཚོལ་བརྙེད་ཐུབ་ཡག་དང་མིང་མེད་བཀོལ་སྤྱོད་བྱེད་སྟངས།

    ཁྱེད་ཀྱི་ཁ་པར་བརྒྱུད་གནས་ཚུལ་ག་རེ་ཁྱེད་ལ་གཏང་འབྱོར་བྱུང་བ་ཡིན་ཡང་ཉེ་འཁྲིས་སུ་ཡོད་པའི་བརྡ་རྟགས་ཉེ་ཤོས་དེས་ཁྱེད་ལ་ཉེན་བརྡ་གཏོང་གི་རེད། བརྡ་རྟགས་དང་བརྡ་འཕྲིན་ལ་བརྟེན་ཁེ་ལས་ཞབས་ཞུ་དེས་ཁྱེད་རང་གི་ལག་ཐོག་ཁ་པར་ག་པར་ཡོད་མེད་ཏག་ཏག་རྩད་གཅོད་ཐུབ་ཀྱི་ཡོད།

    ལྦོར་ཎ། ཁ་པར་འདིའི་སྐོར་ལ་ངས་ཤེས་དགོས་ཡག་དེ་འདྲ་ཡོད་རེད་པས།

    དྷེ་ལར། ངས་བྱས་ན་ཡོད་རེད་བསམ་གྱི་འདུག ཡིན་ནའང་ཁོང་ཚོས་ཁྱེད་རང་སྐོར་ལ་འཚོལ་བརྙེད་བྱེད་ཀྱི་ཡོད་རེད་བསམ་ན་ཁྱེད་ཀྱིས་ཡིན་གཅིག་མིན་གཅིག་ཤེས་རྟོགས་བྱེད་དགོས་དོན་མེད།

    ལྦོར་ཎ། ངས་བྱས་ན་ཁོང་ཚོས་དེ་འདྲ་བྱེད་སྲིད་ཀྱི་མ་རེད་བསམ་གྱི་འདུག ཁྱེད་ཀྱིས་བྱས་ན་དེ་མ་རེད་པས།

    དྷེ་ལར། དེ་ཡིན་གྱི་རེད། གལ་སྲིད་ཁྱེད་ཀྱིས་ལག་ཐོག་ཁ་པར་ཁ་ཕྱེ་ཡོད་ན་དེ་བཟོ་མཁན་གྱིས་ཁྱེད་རང་གི་ལག་ཐོག་ཁ་པར་དང་དེའི་བྱེད་སྒོ་ཁག་ཤེས་རྟོགས་དང་འཚོལ་བརྙེད་ཐུབ་ཀྱི་ཡོད།

    ལྦོར་ཎ། དེ་ཡོང་མི་སྲིད་པ་ཞིག་རེད། གང་ཡིན་ཞེ་ན། ང་དེར་འགྲོ་དུས་ངས་ཁ་པར་གཏོང་གི་མ་རེད།

    དྷེ་ལར། པ་ལགས། དེ་གལ་ཆེན་པོ་མ་རེད། ཁྱེད་རང་ལ་ཁ་པར་ཡོད་ཡོད་བར་དེར་གློག་བསགས་ཏེ་གྲ་སྒྲིག་ཨང་སར་བྱས་ནས་བཀོལ་སྤྱོད་བྱས་པ་ཡིན་ན་དེས་ཁྱེད་རང་ག་པར་འགྲོ་ཡོད་མེད་ལམ་སེང་བརྡ་རྟགས་བརྒྱུད་ཤེས་རྟོགས་ཐུབ་ཀྱི་ཡོད། གལ་ཏེ་དེ་བརྡ་རྟགས་ཀྱི་འཁྲིས་ན་ཡོད་ན་ལམ་སེང་འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད།

    ལྦོར་ཎ། འོ་ན། ང་དེར་མ་སླེབས་བར་ཁ་པར་བསད་དེ་འགྲོ་དགོས་རེད་དམ།

    དྷེ་ལར། རེད། དེ་ལས་ལྷགས་པ་ཁ་པར་དེ་ཁྱེད་རང་མཉམ་དུ་མ་འཁྱེར་ན་ཡག་པ་ཡོད། དེ་རྗེས་ཁྱེད་རང་ཚུར་མ་སླེབས་བར་ས་ཆ་དེར་ཁ་པར་བསད་པའམ་ཡང་ན་གློག་རྫས་སྟོན་ནས་འགྲོ་དགོས།

    ལྦོར་ཎ། ག་རེ། ཁ་པར་བསད་དེ་འགྲོ་བ་ཡིན་ནའང་འགྲིག་གི་མ་རེད་དམ།

    དྷེ་ལར། ཡིན་དང་ཡིན། བདེ་འཇགས་ཀྱི་ཆེད་གློག་རྫས་སྟོན་ཏེ་ཁ་པར་འཁྱེར་དགོས། གང་ཡིན་ཞེ་ན། ཁ་པར་དེ་བཞིན་ཏར་འཕྲིན་གྱི་ཡོ་ཆས་ཤིག་ཡིན་དུས་གློག་རྫས་ཡོད་པ་ཡིན་ན་ཁྱེད་རང་གིས་མ་ཤེས་པའི་ཐོག་མི་གཞན་གྱིས་དེ་སྤར་ཏེ་བེད་སྤྱོད་བྱེད་ཀྱི་རེད།

    མིང་མེད་བཀོལ་སྤྱོད་བྱེད་སྟངས།

    གལ་སྲིད་ཁྱེད་ཀྱིས་ལག་ཐོག་ཁ་པར་བརྒྱུད་མི་གཞན་ལ་གནད་འགག་ཆེ་བའི་སྐད་ཆ་བཤད་ཡག་དང་འཕྲིན་ཐུང་སོགས་བསྐུར་ཡག་ཆགས་པ་ཡིན་ན་གཟབ་གཟབ་དོ་སྣང་སྤྲད་དེ་བསྐུར་གཏོང་བྱེད་པ་ལས་ལྷོད་གཡེང་བྱེད་རྒྱུ་མེད། གང་ཡིན་ཞེ་ན། ལག་ཐོག་ཁ་པར་གྱི་བརྡ་རྟགས་བརྒྱུད་མི་གཞན་གྱིས་ཁྱེད་ཀྱིས་སྤྲིངས་པའི་གནས་ཚུལ་དེ་ཚོ་ཤེས་རྟོགས་ཐུབ་ཀྱི་ཡོད། དེར་བརྟེན་དེ་བཀོལ་སྤྱོད་བྱེད་དུས་ངེས་པར་གཟབ་གཟབ་བྱེད་དགོས་པ་ཁ་ཤས་ཤིག་ཡོད།

    • ཁྱེད་རང་དང་འབྲེལ་བ་མེད་པའི་ས་ཆ་གང་བྱུང་འདམ་ནས་ཁ་པར་གཏོང་དགོས།

    • ལག་ཐོག་ཁ་པར་བསད་དེ་ཉར་འཚག་ཡག་པོ་བྱེད་དགོས། ཁ་པར་གཏོང་ས་ཡག་པོ་ཞིག་འཚོལ་ཏེ་མི་ལ་སྐད་ཆ་བཤད་པ་དང་སྦྲགས་དེ་བསད་དེ་ཁ་རྒྱག་དགོས། ཁྱེད་ཀྱིས་ཁ་པར་གཏོང་དུས་འཆར་ཅན་བྱ་ཐབས་འདི་བཀོལ་སྤྱོད་བྱེད་ཐུབ་པ་ཡིན་ན། མི་གཞན་གྱིས་ཁྱེད་རང་ག་པར་ཡོད་མེད་འཚོལ་ཞིབ་བྱེད་ཐུབ་ཀྱི་མ་རེད།

    • ཁ་པར་དང་བྱང་བུ་ཡང་སེ་བརྗེ་པོ་རྒྱག་དགོས། དེ་ཡང་རོགས་པ་དང་ཡང་ན་ཅ་ལག་རྙིང་པའི་ཁྲོམ་ནང་བརྗེ་པོ་རྒྱག་དགོས།

    • གལ་སྲིད་ཁྱེད་རང་སྡོད་སའི་ཁུལ་དེའི་ནང་དེབ་སྐྱེལ་མ་བྱས་པའི་བྱང་བུ་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་ན་དེ་བཀོལ་སྤྱོད་བྱེད་དགོས། དངུལ་ཁང་གི་ཤོག་བྱང་བེད་སྤྱད་དེ་ལག་ཐོག་ཁ་པར་གྱི་བྱང་བུ་ནམ་ཡང་ཉོ་རྒྱུ་མེད། གང་ཡིན་ཞེ་ན། འདིས་ཁྱེད་རང་དང་ཅ་དངོས་བར་འབྲེལ་བ་བཟོས་ཏེ་ཁྱེད་རང་འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད་པས་དེ་བཀོལ་སྤྱོད་བྱེད་ཡག་འཛེམ་དགོས།

    ལྦོར་ཎ། ཁྱེད་རང་གིས་བཤད་ཡག་བྱས་ན་ཁ་པར་གྱི་བརྡ་རྟགས་བརྒྱུད་ང་ག་པར་ཡོད་མེད་འཚོལ་ཞིབ་བྱེད་ཐུབ་ཀྱི་རེད་ཅེས་བཤད་ཀྱི་འདུག དེ་རེད་པས།

    དྷེ་ལར། དེ་རེད། དེ་ནི་གནད་དོན་ཉེན་ཚབས་ཅན་ཞིག་མིན།

    ལྦོར་ཎ། ཨ་ཙི་དེ་འདྲ་རེད་པས།

    དྷེ་ལར། དེ་འདྲ་རེད། ཁོང་ཚོས་བཤད་ཡག་ལ་ཁྱེད་རང་གི་ལག་ཐོག་ཁ་པར་ནང་བྱ་ཐབས་གཞན་པ་དེ་འདྲ་ནང་འཇུག་བྱས་པ་ཡིན་ན་མིས་མ་ཤེས་པའི་ཐོག་ཁ་པར་ག་པར་གཏོང་གི་ཡོད་མེད་རང་འགུལ་ངང་འཚོལ་ཞིབ་བྱེད་ཀྱི་ཡོད་རེད་ཅེས་ཟེར་གྱི་འདུག དེ་ཡང་ཁྱེད་རང་གིས་ཚོགས་འདུ་ཚོགས་སྐབས་དེས་ཐོ་འགོད་དང་གནས་ཚུལ་འཕོ་ལེན་བྱེད་མཁན་གྱི་ཡོ་ཆས་ནང་བཞིན་ལས་ཀ་བྱེད་ཀྱི་ཡོད།

    ལྦོར་ཎ། ཡིན་གྱི་མ་རེད། དེ་དངོས་གནས་རེད་པས།

    དྷེ་ལར། རེད། དེ་འཕྲུལ་ལས་ཀྱིས་བྱས་ན་སྟབས་བདེ་པོ་ཡོད། ཡིན་ནའང། གལ་སྲིད་གློག་རྫས་དེ་ཁྱེད་ཀྱིས་སྟོན་པ་ཡིན་ན་དེ་ལྟ་བུའི་ཉེན་ཁ་ཕྲད་ཀྱི་མེད།

    ལྦོར་ཎ། ད་བྱས་ན་གནས་ཚུལ་དེ་ཚོ་མི་ཡོང་བའི་ཆེད་ངས་ཁ་པར་འཁྱེར་རྒྱུ་མེད་པ་འདྲ། ཡིན་ནའང་། བྱ་ཐབས་དེ་འདྲ་ངས་བཀོལ་སྤྱོད་བྱེད་ཉིད་དོད་ཀྱི་འདུག དེ་བཀོལ་སྤྱོད་བྱས་ན་འགྲིག་གི་མ་རེད་དམ།

    དྷེ་ལར། པ་ལགས། དེ་འདྲ་མ་གསུངས། ཁྱེད་རང་གིས་ག་དུས་ཡིན་ནའང་ང་ལ་ཅ་ལག་གསར་པ་དེ་འདྲ་བེད་སྤྱོད་གཏོང་དགོས་པའི་སློབ་གསོ་སྐྱོན་ཀྱི་མེད་པས། ལག་ཐོག་ཁ་པར་ཡང་དེ་དེ་བཞིན་རེད། ཁྱེད་རང་གིས་ཅ་ལག་ག་རེ་ཡིན་ནའང་དེའི་དགེ་སྐྱོན་གཉིས་ཀ་ཤེས་ཐུབ་པ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། གལ་སྲིད་ཁྱེད་ཀྱིས་ཉེན་ཁ་དེ་ཤེས་པ་ཡིན་ན་དེ་ལས་ཟློག་ཐབས་ཀྱིས་ཐབས་ལམ་འཚོལ་གྱི་རེད།

    མི་གཞན་གྱི་གནས་ཚུལ་ལྐོག་ཉན་བྱེད་སྟངས།

    ཁྱེད་ཀྱིས་ཀྱང་མ་ཤེས་པའི་ཐོག་ཁ་པར་ནང་བཤད་པའི་སྐད་ཆ་དང་སྒྲ་ག་རེ་ཡིན་ཀྱང་དེའི་སྒྲ་སྐྱེད་ཡོ་ཆས་བརྒྱུད་ཐོ་འགོད་དང་འཕོ་ལེན་བྱེད་ཀྱི་ཡོད། ཁ་པར་ཁ་ཤས་བལྟ་དུས་ཁ་བརྒྱབ་པ་འདྲ་པོ་སྣང་ཡང་དོན་དུ་དེ་ཚོས་སྐད་ཆ་དང་སྒྲ་ཡོད་དོ་ཅོག་སྒྲ་འཇུག་བྱེད་ཀྱི་ཡོད།

    • ངོ་མ་ཤེས་པའི་མི་ལ་ཁྱེད་ཀྱིས་ཁ་པར་གཡར་བ་དང་བཀོལ་སྤྱོད་བྱེད་དུ་བཅུག་རྒྱུ་མེད། དེ་ནི་སོ་ཉུལ་མཉེན་ཆས་ཁྱེད་རང་གི་ཁ་པར་ནང་ནང་འཇུག་བྱེད་ཡག་གི་གོ་སྐབས་ལེགས་ཤོས་ཤིག་ཡིན་དུས་མི་གཞན་ལ་གཡར་བ་དང་བཀོལ་སྤྱོད་བྱེད་བཅུག་རྒྱུ་མེད།

    • གལ་སྲིད་ཚོགས་འདུ་གལ་ཆེན་པོ་ཞིག་ཁྱེད་ཀྱིས་སྒོ་སྒྲིག་བྱེད་ཀྱི་ཡོད་ན་ཁ་པར་ངེས་པར་དུ་གསོད་དགོས། དེ་མིན་ན་དེ་ས་ཆ་བཙན་ས་ཞིག་ལ་བཞག་ཏེ་རྩ་བ་ནས་འཁྱེར་རྒྱུ་མེད།

    • ཁྱེད་དང་འབྲེལ་བ་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་ཁོང་ཚོར་ཁྱེད་ཀྱིས་དོགས་ཟོན་ཉེན་སྲུང་བྱེད་དགོས།

    • ཁྱེད་ཀྱིས་མི་མང་གི་དཀྱིལ་ལམ་ཡང་ན་ས་ཆ་བཙན་པོ་མེད་སར་ཁ་པར་བཀོལ་སྤྱོད་བྱེད་རྒྱུ་མེད། གལ་སྲིད་ས་ཆ་དེ་འདྲར་བཀོལ་སྤྱོད་བྱས་པ་ཡིན་ན་བརླག་དོར་ཤོར་ཡག་དང་མིས་སྐད་ཆ་ལྐོག་ཉན་བྱེད་སྲིད་པ་ཞིག་ཡིན་པས་ངེས་པར་གཟབ་གཟབ་བྱེད་དགོས།

    ཁ་པར་གྱི་འགོག་རྐྱེན་བཟོ་མཁན་གྱི་སྐད་ཆ།

    ལག་ཐོག་ཁ་པར་ནང་བཤད་པའི་སྐད་ཆ་གསང་ཉར་བྱེད་ཡག་དཀའ་ལས་ཁག་པོ་ཆགས་ཡོད། གང་ཡིན་ཞེ་ན། ཁྱེད་ཀྱི་ཉེ་འཁྲིས་སུ་ཡོད་པའི་སྐབས་འཚོལ་རིང་ལུགས་པ་ཚོས་སྟབས་བདེའི་བྱ་ཐབས་སྤྱད་དེ་འཕྲིན་ཐུང་དང་སྐད་ཆ་སོགས་ལྐོག་ཉན་དང་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད། དེ་མ་ཟད་ལག་ཐོག་ཁ་པར་མཁོ་སྤྲོད་དང་ཞབས་ཞུ་སྒྲུབ་མཁན་ཚོར་ཁྱེད་ཀྱི་ངག་བཅས་དང་ངག་མེད་གཉིས་ཀའི་གནས་ཚུལ་ཁག་རྒྱུས་མངའ་ཡོད། ལག་ཐོག་ཁ་པར་མཁོ་སྤྲོད་དང་ཞབས་ཞུ་སྒྲུབ་མཁན་ཚོས་ཀྱང་ཁ་པར་ནང་གི་སྐད་ཆ་དང་འཕྲིན་ཐུང་ཁག་ལྐོག་ཉན་བྱེད་མ་ཐུབ་པའི་བརྡ་ཚིག་རྒྱག་ཡག་གི་རིན་གོང་མཐོ་བའི་མཉེན་ཆས་ཤིག་ཁྱེད་ཀྱིས་ཉོས་ཏེ་ནང་འཇུག་བྱེད་ཡག་དཀའ་ལས་ཁག་པོ་ཆགས་ཡོད། ཡིན་ནའང་། ཡོ་ཆས་འདི་ཚོ་མགྱོགས་པོ་གོང་ཆུང་ཆུང་ཆགས་ཀྱི་རེད། བརྡ་ཚིག་དེ་ཚོ་བཀོལ་སྤྱོད་བྱེད་ཡག་ལ་དང་པོ་དེ་ཁ་པར་ནང་ནང་འཇུག་བྱེད་དགོས་པ་མ་ཟད་ཁྱེད་རང་དང་འབྲེལ་བ་བྱེད་སའི་མི་དེའི་ཁ་པར་ནང་ལའང་ནང་འཇུག་བྱེད་དགོས། དེ་རྗེས་ཁོང་ཚོས་བྱེད་སྒོ་འདི་བེད་སྤྱད་དེ་ཁ་པར་དང་འཕྲིན་ཐུང་སོགས་ཕར་ཚུར་བཏང་བ་དང་ལེན་གྱི་ཡོད།འདི་ལྟ་བུའི་བཀོལ་སྤྱོད་མ་ལག་འདི་ད་ལྟ་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གྱི་བཟོ་དབྱིབས་ཁ་ཤས་ཤིག་ནང་མ་གཏོགས་མེད།

    ཁྱེད་ཀྱིས་ (Skype) དང་ལག་ཐོག་ཁ་པར་ནང་ལབ་གླེང་བྱེད་ཡག་དེ་བརྒྱ་ཆ་བརྒྱ་ཐམ་པ་ཉེན་ཁ་མེད་པ་དེ་འདྲ་མིན།གང་ཡིན་ཞེ་ན། དུས་ཡུན་གང་ཙམ་ཞིག་བཀོལ་སྤྱོད་བྱས་རྗེས་དེའི་བརྡ་རྟགས་དེ་ལག་ཐོག་ཁ་པར་ནང་སླེབས་ཀྱི་རེད།

    ཡིག་ཐོག་གི་འཕྲིན་ཐུང་།

    ཁྱེད་ཀྱིས་འཕྲིན་ཐུང་ཁོ་ནར་བརྟེན་གནད་འགག་ཆེ་བའི་གནས་ཚུལ་ཁག་ཕར་ཚུར་འཕོ་ལེན་བྱེད་རྒྱུ་མེད། ཁྱེད་ཀྱིས་འཕྲིན་ཐུང་ཁོ་ནར་བརྟེན་གསང་བའི་གནས་ཚུལ་ཁག་འཕོ་ལེན་བྱེད་རྒྱུ་ཀྱི་མེད།

    ལྦོར་ཎ། གལ་སྲིད་ངས་ལག་ཐོག་ཁ་པར་དེ་བཞིན་འཕྲིན་ཐུང་འབྱོར་ཡག་དང་གཏོང་ཡག་མ་གཏོགས་སྐད་ཆ་བཤད་ཡག་ལ་བེད་སྤྱོད་མ་བཏང་ན་འགྲིག་གི་རེད་པས། ཁོང་ཚོས་མིས་སྐད་ཆ་མ་བཤད་ན་ག་རེ་ཉན་དགོས་རེད། མ་རེད་པས། ཡིན་ནའང་། ཁྱེད་རང་གིས་སྐད་ཆ་བཤད་པ་ནང་བཞིན་དེ་སྟབས་བདེ་པོ་དེ་འདྲ་མེད།

    དྷེ་ལར། ཏོག་ཙམ་སྒུག་ཨཱ། ཁ་པར་གྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་མི་དང་འཕྲུལ་ཆས་ཡག་པོ་ཡོད་པའི་མིས་ལག་ཐོག་ཁ་པར་ནང་ཡོད་པའི་འཕྲིན་ཐུང་ཁག་བལྟ་སྲུང་དང་བལྟ་ཀློག་བྱེད་ཀྱི་ཐུབ་ཀྱི་ཡོད། དེར་བརྟེན། ལག་ཐོག་ཁ་པར་ནང་ཡོད་པའི་ཡིག་ཐོག་འཕྲིན་ཐུང་དེ་ཚོ་བཙན་པོ་མེད།

    ལྦོར་ཎ། དེ་ཆོ་མེད་ཞིག་རེད། དེ་འདྲ་ཡིན་ན་ངས་ག་རེ་བྱེད་དགོས་པ་རེད་དམ། ངས་དམག་འཁྲུག་སྐབས་ནང་བཞིན་བརྡ་ཚིག་བེད་སྤྱོད་གཏོང་དགོས་རེད་དམ།

    དྷེ་ལར། ཡིན་དང་ཡིན། མཚམས་རེ་ལྷམ་རྙིང་ཤོས་དེ་གྱོན་བདེ་ཤོས་ཤིག་ཆགས་སྲིད་པ་ཞིག་རེད།

    མི་གཞན་ལ་བཏང་ཚར་བའི་ཁྱེད་ཀྱི་འཕྲིན་ཐུང་དེ་ཚོ་སྐབས་རེ་ཁ་པར་ཐད་ཞབས་ཞུ་སྒྲུབ་མཁན་དང་སྐབས་འཚོལ་རིང་ལུགས་པ་ཚོས་རིན་གོང་ཆུང་བའི་མཁོ་ཆས་བེད་སྤྱད་དེ་ལྐོག་བལྟ་བྱེད་སྲིད་པ་ཞིག་ཡིན། འཕྲིན་ཐུང་འདི་བརྒྱུད་དེ་བསྐུར་མཁན་དང་འབྱོར་མཁན་གྱི་ཁ་པར་ཨང་གྲངས་ཙམ་མ་ཟད་དེའི་ནང་དོན་ཁག་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད། ད་དུང་སྐབས་འཚོལ་རིང་ལུགས་པ་ཚོ་བརྒྱུད་འཕྲིན་ཐུང་དེ་ཚོ་བརྗེ་པོ་དང་རྫུན་མ་བཟོ་ཐུབ་ཀྱི་ཡོད།

    དེར་བརྟེན་ཁྱེད་རང་དང་འཕྲིན་ཐུང་འབྱོར་མཁན་བར་བརྡ་ཚིག་གི་མ་ལག་ཞིག་འཛུགས་སྐྲུན་བྱེད་ཐུབ་ན་ཡག་པོ་ཡོད། བརྡ་ཚིག་དེ་བཀོལ་སྤྱོད་བྱེད་ཐུབ་ན་ལག་ཐོག་ཁ་པར་ནང་ཡོད་པའི་འཕྲིན་ཐུང་ཁག་བཙན་པོ་བཟོ་ཐུབ་པ་ཙམ་མ་ཟད་འབྲེལ་བ་བྱེད་སའི་མི་དེར་ཐབས་ལམ་ཐོད་པ་ཞིག་བཀོལ་སྤྱོད་བྱས་ཏེ་དེ་ངོ་སྤྲོད་བྱེད་དགོས། དེར་བརྟེན། བརྡ་ཚིག་གི་མ་ལག་དེ་ཡང་སེ་བཙན་སྲུང་དང་བརྗེ་པོ་རྒྱག་དགོས།

    བརྒྱུད་གཏོང་བྱས་པའི་ཡིག་ཐོག་འཕྲིན་ཐུང་།

    • རྒྱལ་ཁབ་མང་པོའི་གཞུང་འཛིན་མི་སྣས་ལག་ཐོག་ཁ་པར་མཁོ་སྤྲོད་བྱེད་མཁན་ཚོར་ཞབས་ཞུ་དེ་བེད་སྤྱོད་གཏོང་མཁན་ཚོའི་དུས་ཡུན་རིང་པོའི་ཡིག་ཐོག་འཕྲིན་ཐུང་ཁག་གསོག་འཇོག་བྱེད་དགོས་པའི་བཀའ་རྒྱ་གཏོང་གི་ཡོད། རྐྱེན་ངན་མང་པོ་ཞིག་ལ་བརྟེན་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་ཚོས་འཕྲིན་ཐུང་དེ་ཚོ་ཚོང་ལས་དང་རྩིས་ཡང་ན་རྙོག་ཁྲའི་སྒམ་ཆུང་ཕྱེ་ཡག་ལ་ཉར་འཚག་བྱེད་ཀྱི་ཡོད།

    • ཁྱེད་ཀྱི་ལག་ཐོག་ཁ་པར་ནང་གསོག་འཇོག་བྱས་ཡོད་པའི་འཕྲིན་ཐུང་ཁག་མི་གཞན་གྱིས་ཧ་གོ་སྟེ་བཀོལ་སྤྱོད་བྱེད་སྲིད་པ་ཞིག་ཡིན་དུས་བཏང་འབྱོར་བྱུང་བའི་ཡིག་ཐོག་འཕྲིན་ཐུང་ཁག་ཁ་ཐུག་སུབ་དགོས།

    • ཁ་པར་ཁ་ཤས་ནང་ཁ་པར་དང་ཡིག་ཐོག་འཕྲིན་ཐུང་བཏང་འབྱོར་གཉིས་ཀྱི་གནས་ཚུལ་ཁག་རྩ་མེད་བཟོ་ཡག་གི་མཐུན་རྐྱེན་དེ་འདྲ་ཡོད། འདི་གནད་འགག་ཆེ་བའི་ལས་ཀ་བྱེད་མཁན་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོད། ཁྱེད་ཀྱི་ལག་ཐོག་ཁ་པར་ནང་ནུས་པ་ག་རེ་ཡོད་པ་དེ་ཤེས་པ་དགོས། དེ་ངོ་སྤྲོད་ལག་དེབ་ཀློག་ན་ཤེས་ཐུབ།

    འཕྲིན་ཐུང་དང་སྨྲ་བརྗོད་ལས་བརྒལ་བའི་བཀོལ་སྤྱོད།

    ལག་ཐོག་ཁ་པར་ནི་དེ་བེད་སྤྱོད་གཏོང་མཁན་ལ་ཞབས་ཞུ་སྒྲུབ་ཐུབ་མཁན་གྱི་བཀོལ་སྤྱོད་མ་ལག་དང་ཕབ་ལེན་གྱི་བྱེད་སྒོ་ཡོད་པའི་ལག་ཐོག་རྩིས་རྒྱག་འཕྲུལ་འཁོར་ཞིག་ཆགས་ཀྱི་ཡོད།

    དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ཡོད་ན་སློབ་ཚན་བཅུ་གཅིག་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཇི་ལྟར་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་གང་ཐུབ་བཀོལ་སྤྱོད་དམ་པོ་བྱེད་དགོས་སམཞེས་པའི་གནད་དོན་དེར་ཁྱེད་ཀྱིས་གཟིགས་ན་དྲ་བ་བཀོལ་སྤྱོད་བྱེད་ཡག་ཡོད་པའི་ལག་ཐོག་ཁ་པར་དེ་ཚོར་དགེ་སྐྱོན་ག་རེ་ཡོད་མེད་རྟོགས་ཐུབ་ཀྱི་རེད།

    སྔ་དུས་ཀྱི་ལག་ཐོག་ཁ་པར་ཁ་ཤས་ནང་དྲ་བ་བཀོལ་སྤྱོད་བྱེད་ས་ཡོད་ཀྱང་དེ་ཚོ་བཀོལ་སྤྱོད་བྱེད་དུས་གཤམ་ལ་ཡོད་པའི་དྲ་ཐོག་གི་སྔོན་འགོག་དེ་ཚོ་བེད་སྤྱོད་གཏོང་དགོས། དེ་ཡང་། ཁྱེད་ཀྱིས་འོས་ཤིང་འཚམས་པའི་ཐབས་ལམ་དེ་ཚོ་བེད་སྤྱོད་མ་བཏང་གོང་ཁྱེད་ཀྱིས་ཁྱེད་རང་གི་ལག་ཐོག་ཁ་པར་གྱི་ནུས་པ་དེ་ཤེས་དགོས།

    • ཁྱེད་ཀྱིས་གསང་གནས་ཡོད་པའི་པར་དང་ཡིག་ཆ་ཁག་ལག་ཐོག་ཁ་པར་ནང་གསོག་འཇོག་བྱེད་རྒྱུ་མེད།དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ཡོད་ན་སློབ་ཚན་བཞི་པའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཁྱེད་ཀྱི་གློག་ཀླད་ནང་ཡོད་པའི་ཡིག་ཆ་ཁག་ཇི་ལྟར་ཉེན་སྲུང་བྱེད་དགོས་སམ།ཞེས་པ་དེར་ཁྱེད་ཀྱིས་གཟིགས་ཏེ་ལག་ཐོག་ཁ་པར་ནང་ཡོད་པའི་གསང་གནས་ཁག་ས་ཆ་བཙན་ས་ཞིག་ལ་འཕོ་ལེན་བྱས་ཏེ་ཉར་འཚག་ཡག་པོ་བྱེད་དགོས།

    • ཁྱེད་ཀྱི་ལག་ཐོག་ཁ་པར་ནང་ཡོད་པའི་ཁ་པར་བཏང་འབྱོར་གྱི་གནས་ཚུལ་དང་འཕྲིན་ཐུང་། དེ་བཞིན་མིང་ཐོ་དང་པར་རིས་སོགས་ཡང་སེ་སུབ་དགོས།

    • གལ་སྲིད་ཁྱེད་ཀྱིས་ལག་ཐོག་ཁ་པར་བེད་སྤྱད་དེ་དྲ་བ་ཁ་ཕྱེ་དགོས་ན་གློག་ཀླད་ནང་དྲ་བ་བཀོལ་སྤྱོད་བྱས་པ་ལྟར་དེ་བཀོལ་སྤྱོད་བྱེད་དུས་ངེས་པར་ཉེན་སྲུང་ཡག་པོ་བྱེད་དགོས། དེ་ཡང་དྲ་ཐོག་གནས་ཚུལ་ཁག་ཁ་ཕྱེ་དུས་ཡི་གེ་HTTPSའདི་བཀོལ་སྤྱོད་བྱེད་དགོས།

    • ཁྱེད་ཀྱི་ལག་ཐོག་ཁ་པར་གློག་ཀླད་དང་མཐུད་འབྲེལ་བྱེད་དུས་དྲ་འབུ་མེད་ན་མ་གཏོགས་དེ་མཐུད་འབྲེལ་བྱེད་རྒྱུ་མེད། དེའི་སྐོར་ལ་ཞིབ་ཕྲ་ཤེས་འདོད་ན་སློབ་ཚན་དང་པོའི་ནང་འགྲེལ་བརྗོད་ཞུས་ཡོད་པའི་བརྗོད་དོན་ཇི་ལྟར་ཁྱེད་ཀྱི་གློག་ཀླད་དྲ་འབུ་དང་གློག་ཀླད་མཁས་པའི་ཆོ་འཕྲུལ་སྣང་ལས་ཉེན་སྲུང་བྱེད་དགོས་སམཞེས་པ་དེར་གཟིགས་ན་མཁྱེན་ངེས་ཡིན།

    • ཁྱེད་ཀྱི་ཁ་པར་ནང་བརྟག་ཞིབ་མ་བྱས་པར་རག་པའི་བྱེད་སྒོ་སྟེ་དྲིལ་བརྡའི་རོལ་དབྱངས་དང་ངོ་སྤྱོད་པར་རིགས་སོགས་དང་ལེན་དང་ནང་འཇུག་བྱེད་རྒྱུ་མེད་ལ་ཡང་ན་འབྱུང་ཁུངས་བཙན་པོ་མེད་པ་ནས་ཐོབ་པའི་བྱེད་སྒོ་རིགས་ནམ་ཡང་ཁ་པར་ནང་བཀོལ་སྤྱོད་བྱེད་རྒྱུ་མེད། གང་ཡིན་ཞེ་ན། དེ་ཚོ་མང་ཆེ་བའི་ནང་དྲ་འབུ་དང་ཉེན་ཚབས་ཅན་གྱི་མཉེན་ཆས་དེ་བཞིན་སོ་ཉུལ་བྱེད་མཁན་བཀོལ་སྤྱོད་མ་ལག་སོགས་ཡོད་པས་རབ་བྱུུང་ན་དེ་ཚོ་བེད་སྤྱོད་གཏོང་རྒྱུ་མེད།

    • ལག་ཐོག་ཁ་པར་གྱི་ཁྱད་ཆོས་དང་དེའི་བཀོལ་སྤྱོད་མ་ལག་ཁག་ལ་ཁྱེད་ཀྱིས་དོ་སྣང་བྱེད་དགོས། དེ་ཡང་ཡོང་ཁུངས་བཙན་པོ་མེད་པའི་མཉེན་ཆས་དང་བཀོལ་སྤྱོད་བྱ་རིམ་དེ་བཞིན་རྒྱུས་མེད་འཕྲིན་ཐུང་ཁག་ལ་བརྟག་ཞིབ་ངེས་པར་བྱེད་དགོས། གལ་སྲིད་ཁྱེད་ཀྱིས་ཁྱེད་རང་གི་ལག་ཐོག་ཁ་པར་ནང་ཡོད་པའི་ཁྱད་ཆོས་དང་བཀོལ་སྤྱོད་མ་ལག་ཁག་བེད་སྤྱོད་གཏོང་སྟངས་ཤེས་ཀྱི་མེད་ན་དེ་ཚོ་ཁྱེད་ཀྱིས་ནུས་མེད་དམ་ཡང་ན་ཕྱིར་ལེན་བྱེད་དགོས།

    • ཁྱེད་ཀྱིས་གསང་ཡིག་མེད་པའི་སྐུད་མེད་དྲ་བ་ལག་ཐོག་ཁ་པར་ལ་མཐུད་དེ་གློག་ཀླད་ནང་བཀོལ་སྤྱོད་བྱེད་དུས་ངེས་པར་གཟབ་གཟབ་བྱེད་དགོས། དེ་ཡང་ལག་ཐོག་ཁ་པར་ནི་གློག་ཀླད་ལྟ་བུ་ཡིན་པས་འདི་བརྒྱུད་གློག་ཀླད་དང་དྲ་བའི་ཉེན་སྲུང་ཐད་ཉེན་ཁ་དང་དོ་ཕོག་འགྲོ་སྲིད་པ་ཞིག་ཡིན་པས་དེ་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་དུས་གཟབ་གཟབ་གནང་དགོས།

    • གལ་སྲིད་ལག་ཐོག་ཁ་པར་ནང་ཁྱེད་ཀྱིས་Infrared (IrDA)དང་Bluetoothདེ་བཞིན་སྐུད་མེད་དྲ་བ་སོགས་ཀྱི་བརྒྱུད་ལམ་ཁག་བཀོལ་སྤྱོད་བྱེད་ཀྱི་མེད་ན་དེ་ཚོ་ཁ་རྒྱག་རྒྱུ་དྲན་པ་བརྗེད་རྒྱུ་མེད། དེ་ཚོ་དགོས་དུས་མ་གཏོགས་བེད་སྤྱོད་གཏོང་རྒྱུ་མེད་ལ་གནས་སྟངས་བཟང་ས་དང་ས་ཆ་བཙན་ས་ཁག་མ་གཏོགས་དེ་བཀོལ་སྤྱོད་བྱེད་རྒྱུ་མེད། ཁྱེད་ཀྱིས་རབ་བྱུང་ན་དྲ་ཐོག་དང་གློག་ཀླད་བརྒྱུད་གནས་ཚུལ་ཁག་འཕོ་ལེན་བྱེད་པ་ལས་ (Bluetooth) བརྒྱུད་ལམ་འདི་བེད་སྤྱོད་གནས་ཚུལ་ཁག་མི་གཞན་ལ་འཕོ་ལེན་བྱེད་རྒྱུ་མེད། གང་ཡིན་ཞེ་ན་འདི་བརྒྱུད་ཁྱེད་ཀྱི་གནས་ཚུལ་མང་པོ་ཞིག་མིས་ལྐོག་བལྟ་དང་ལྐོག་སྤྱོད་བྱེད་ཐུབ་ཀྱི་ཡོད།

    བསྐྱར་སྦྱོང་།